༈ འདིར་ཇི་ལྟར་དཀའ་ འདྲི་གནང་བའི་ལན་གང་ཤེས་སྙིང་པོར་དྲིལ་ཏེ་འབུལ་བ་ནི། དེ་དག་ལ་བརྟེན་པའི་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ཅེས་པ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དགའ་ལྡན་ལྷ་བརྒྱ་མའི་འཁྲིད་ཡིག་དངོས་ གྲུབ་ཀུན་འབྱུང་ལས། ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ་རྗེ་བླ་མའི་ཕྱི་སྒྲུབ་ཡིན་ལ་ཞེས་དང། ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ་རྗེ་བླ་མའི་ནང་སྒྲུབ་ བོ༑ ༑ཞེས་དང། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ་རྗེ་བླ་མའི་གསང་སྒྲུབ་ཡིན་ལ། ཞེས་གསུངས་པ་ལྟར་རོ། །དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བའི་ [055A]༄༅། །དགུ་སྐོར་གྱི་སྒྲུབ་ཐབས་མཐུན་མོང་མིན་པའང་ཡོད་དོ། །ཞེས་པ་ནི། རྗེ་སུམ་པ་དང། དཔལ་མང་ཞབས་དྲུང་སོགས་ཀྱི་དགོངས་པ་གུང་བསྒྲིགས་ནས་ཞུ་ན། རྗེ་རིན་པོ་ཆེའི་སྤྱི་བོར་སྤྱན་ རས་གཟིགས་ཕྱི་ཕྱག་བཞི་པ། ནང་སྒྲུབ་ཐབས་བརྒྱ་རྩ་དང་ཀུན་རིག་ནས་བཤད་པའི་རྡོ་རྗེ་ཆོས། གསང་བ་རྒྱལ་བ་རྒྱ་མཚོ་ཡུམ་བཅས། མགྲིན་པར་འཇམ་དབྱངས་ཆོས་སྐོར་ནས་བཤད་པའི་འཇམ་དབྱངས་ ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་གསུམ་ཐུགས་ཀར་ཕྱག་རྡོར་ཕྱི་གོས་སྔོན་ཅན། ནང་འབྱུང་འདུལ། གསང་བ་འཁོར་ཆེན་རྣམས་བཀོད་པའི་དགུ་སྐོར་ལུགས་གཅིག་དང། ཡང་རྗེའི་ཐུགས་ཀར་འཇམ་དབྱངས་ཕྱི་ ནང་གསང་གསུམ། རྒྱལ་ཚབ་ཀྱི་ཐུགས་ཀར་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ། མཁས་གྲུབ་ཀྱི་ཐུགས་ཀར་ཕྱག་རྡོར་ཕྱི་ནང་གསང་གསུམ་བཀོད་པའི་དམིགས་བརྩེ་མ་དགུ་སྐོར་ལུགས་གཅིག་ཀྱང་ཡོང་གསུངས་ སྤྱན་རས་གཟིགས་སྒོམ་པ་ལ། སྐུ་ནོར་བུ་མཛོད་འཛིན་ལ་བརྟེན་པའི་ཕྱི་སྒྲུབ་དང། འཇམ་དབྱངས་སྒོམ་པ་ལ་གསུང་ཉི་མ་སྣང་བྱེད་ལ་བརྟེན་པའི་ནང་སྒྲུབ་དང། ཕྱག་རྡོར་སྒོམ་པ་ལ་ཐུགས་གསང་བ་མཛོད་འཛིན་ལ་བརྟེན་ པའི་གསང་སྒྲུབ་ཅེས་ཀྱང་གྲགས་སོ།།